Friday, May 6, 2016

སྒྲིག་ལམ་གྱི་འབྱུང་ཁུངས།

༼སྒྲིག་ལམ་ངོ་སྤྲོད༽
༉ ང་བཅས་ར་དཔལ་ལྡན་འབྲུག་པའི་སྒྲིག་ལམ་རྣམ་གཞག་འདི་རྒྱལ་ཁབ་ནང་ལུ་དུས་ད་རེས་ནངས་པར་གསར་རྩོམ་འབད་འབདཝ་མེན་པར་སྔོན་དང་ཕུག་བདག་ཅག་གི་སྟོན་པ་སངྱས་བཅོམ་ལྡན་འདས་དགུང་ལོ་༣༥བཞེསཔ་ད་ རྡོ་རྗེ་གདན་གྱི་བྱང་ཆུབ་ཤིང་གི་དྲུང་དུ་མངོན་པར་རྫོགས་པར་སངྱས་ཞིནམ་ལས་ཞག་བདུན་ཕྲག་༧གྱི་རྒྱབ་ལས་ཝ་ར་ཎ་སི་ལུ་ཆོས་འཁོར་དང་པ་བསྐོར་ཏེ་གནང་ནུག། དེ་བསྒང་འཁོར་ལྔ་སྡེ་བཟང་པོ ༼སངས་རྒྱས་ཤཱཀྱ་ཐུབ་པའི་སློབམ་དང་པ་ལྔ། ཀཽཎྜི་ནྱ། རྟ་ཐུལ། རླངས་པ། མིང་ཆེན། བཟང་ལྡན་དང་ལྔ།༽ གིས་གཙོས་པའི་དགེ་སློང་ཕ་མ་དང་དགེ་བསྙེན་ཕ་མ་ལ་སོགས་པའི་འཁོར་རྣམ་པ་བཞི་ལ་སོགས་པའི་དགེ་འདུན་པ་སྟོང་དང་ཉིས་བརྒྱ་ལྔ་བཅུའི་གྲྭ་ཚང་བཙུགས་ཏེ་གནངམ་ད་འབད་བཏུབ་དང་མ་བཏུབ་པའི་འདུལ་ཁྲིམས་དོན་ཚན་༢༥༣་གྱི་རྣམ་གཞག་མཛད་དེ་གནང་ནུག། དེ་གི་ཤུལ་ལས་བསྟན་པའི་གཏད་རབས་བདུན་༼དང་ཕུ་རྒྱ་གར་ལུ་སངས་རྒྱས་ཀྱི་བསྟན་པ་དགྲ་བཅོམ་པ་ཙང་ཙ་ར་གཅིག་ལས་གཅིག་ལུ་རིམ་པ་བཞིན་སྤྲོད་པའི་རིམ་པ་འདི་གི་མིང༌། དེ་ཡང༌། འོང་སྲུང༌། ཀུན་དགའ་བོ། ཤ་ནའི་གོས་ཅན། ཉེ་སྦས། དྷཱི་ཏི་ཀ། ནག་པོ། ལེགས་མཐོང་ཆེན་པོ་དང་བདུན།༽་དང་འཛམ་གླིང་མཛེས་པའི་རྒྱན་དྲུག༼ཀླུ་སྒྲུབ། འཕགས་པ་ལྷ། ཐོགས་མེད། དབྱིག་གཉེན། ཕྱོགས་གླང༌། ཆོས་གྲགས་ཏེ་རྒྱན་དྲུག་༽ མཆོག་གཉིས ༼དང་སངས་རྒྱས་ཀྱི་བསྟན་པའི་རྩ་བ་དམ་ཆོས་འདུལ་བའི་སྡེ་སྣོད་ལུ་མཁསཔ་སློབ་དཔོན་ཤཱཀྱ་འོད་དང་ཡོན་ཏན་འོད་གཉིས།༽ གྲུབ་ཐོབ་བརྒྱད་ཅུ་ལ་སོགས་པ་བྱོན་ཏེ་སངྱས་བསྟན་པའི་ཆོས་སྡེ་བསམ་གྱིས་མི་ཁྱབ་པ་བཙུགས་ཏེ་གནངམ་ད་བླམ་དང་སློབ་ཕྲུག་གི་བར་ན་གུས་ཞབས་བསྟེན་ཐངས་ཀྱི་སྒྲིག་ལམ་ལ་སོགས་པ་དང་བཟའ་བཅའ་འགྲོ་འཆག་ཉལ་འདུག་གི་སྒྲིག་ལམ་སོགས་ཀྱི་ཁྲིམས་ལུགས་ཚུ་མཛད་གནང་ནུག། དེ་མ་ཚད་གསང་སྔགས་ཀྱི་དམ་ཚིག་རྣམ་བཤད་ཚུ་ནང་ལུ་དམ་ཆིག་བསྟེན་དགོས་པའི་རིམ་པ་བསམ་གྱི་མི་ཁྱབ་པ་གསུངས་ཏེ་འདུག།
ང་བཅས་རའི་རྒྱལ་ཁབ་ནང་ལུ་ཡང་སྔོན་མ་ལས་དར་ཏེ་ཡོད་པའི་ལམ་ལུགས་སྲོལ་དེ་ཚུ་ཤུལ་ལས་རྒྱལ་ཁབ་ནང་ལུ་ནང་པ་སངྱས་པའི་ཆོས་ལུགས་ཚུ་དར་ནི་འགོ་བཙུགས་ཞིནམ་ད་ལས་ སངྱས་ཀྱི་གསུང་བཀའ་འགྱུར་ནང་ལས་འཐོན་མི་དང་རྗེས་འཇུག་མཁས་པའི་གསུང་བསྟན་འགྱུར་ནང་ལས་འཐོན་མི་གཙོ་བོ་ལྷ་ཆོས་དགེ་བ་བཅུ་དང་མི་ཆོས་གཙང་མ་བཅུ་དྲུག ༼༡ དཀོན་མཆོག་གསུམ་ལུ་སྐྱབས་སུ་གཟུང་ནི། ༢ དམ་པའི་ཆོས་བསྒྲུབ་ནི། ༣ ཕ་མ་ལུ་དྲིན་ལན་འཇལ་ནི། ༤ ཡོན་ཏན་ཡོད་མི་ལུ་བརྩི་མཐོང་འབད་ནི། ༥ རང་ལས་མཐོ་བ་དང་རྒན་པའི་རིགས་ལུ་གུས་ཞབས་འབད་ནི། ༦ ཁྱིམ་མཚེས་གདང་རས་དང་ཡུལ་མི་ཚུ་ལུ་ཕན་ཐོགས་འབད་ནི། ༧ བློ་ཕྲང་སྟེ་སླབ་ཞིན་ན་སེམས་ཆུང་སྦེ་སྡོད་ནི། ༨ གཉེན་ཉེ་དུ་དང་གྲོགས་མཛའ་བཤེས་ལུ་སེམས་ཕྲང་སྟེ་འབད་ནི། ༩ ཡ་རབས་ཀྱི་རྗེས་སུ་འབྲང་ནི། ༡༠ ཟས་ནོར་ལུ་སྤྱོད་ཤེསཔ་འབད་ནི། ༡༡ ཧེ་མ་རང་ལུ་དྲིན་ཡོད་མི་ཚུ་ལུ་བཟང་ལན་འཇལ་ནི། ༡༢ བུ་ལོན་དུས་ཚོད་ཁར་བཏབ་སྟེ་བྲེ་སྲང་ལུ་གཡོ་སྒྱུ་སྤང་ནི། ༡༣ ཕྲག་དོག་མ་བསྐྱེད་པར་ག་ར་ལུ་ཕྱོགས་རིས་མེད་པར་སྙོམས་ཏེ་འབད་ནི། ༡༤ ཆ་རོགས་ངན་པའི་ཁར་མ་ཉན་པར་རང་ཚོད་རང་གིས་གཟུང་ནི། ༡༥ བློ་སླབ་ནི་ཁ་ཉུང་། སླབ་མི་འདི་ཧན་ཏོང་ཏོ་སྦེ་སླབ་ནི། ༡༦ ག་ཅི་ར་འབད་རུང་བློ་ཁོག་ཡངས་ཏོག་ཏོ་དང་བཟོད་བསྲན་ཆེ་ཏོག་ཏོ་སྦེ་སྡོད་ནི་ཚུ།༽ དེ་ཁར་བླ་མ་བསྟེན་ཐངས་དང་ཆོས་ཞུ་ཐངས་ཀྱི་སྒྲིག་ལམ་ཚུ་ང་བཅས་རའི་འབྲུག་རྒྱལ་ཁབ་ནང་དར་སྲོལ་ཆེ་ཞིང་མཁོ་ཆེ་བའི་རིགས་ཚུ་ག་ར་བཅུད་གཅིག་ཁར་བཏོན་ཏེ་གོང་མ་དང་མི་སེར་གྱི་བར་ན་བླམ་དང་སློབ་མ། ཕམ་དང་བུ་གཞི། གཉེན་དང་གྲོགས། ལྟ་ལྟོ་ཚང་གི་བར་ན་ཐ་དམ་ཚིག་བསྟེན་ཐངས་དང་དེ་བཟུམ་འབད་དེ་བཟའ་བཅའ་འགྲོ་གསུམ་ལ་སོགས་པ་སངྱས་ཀྱིས་དམ་ཆོས་འདུལ་བའི་ནང་ལུ་གསུང་མི་ཚུ་ལས་བཅུད་བཏོན་ཏེ་དཔལ་ལྡན་འབྲུག་པའི་སྒྲིག་ལམ་རྣམ་གཞག་འདི་ནང་ལུ་ཚུད་དེ་ཡོད་པའི་འབད་ཆོགཔ་དང་མ་ཆོག་པའི་རྣམ་གཞག་འདི་ཚུ་ཡང་རྫོགས་པའི་སངས་རྒྱས་ཀྱིས་གསུངས་པའི་ཆོས་ཀྱི་གནད་དོན་ལུ་གཞི་བཞག་སྟེ་བྱུང་བྱུངམ་ཅིག་ཨིནམ་ལས་མིང་གི་རྣམ་གྲངས་ལུ་སྒྲིག་ལམ་ཆོས་གསུམ་ཟེར་ཡང་སླབ་སྲོལ་ཡོདཔ་ཨིན།
༼སྒྲིག་ལམ་གྱི་གཞི་རྟེན༽
༉ དཔལ་ལྡན་འབྲུག་པའི་སྒྲིག་ལམ་འདི་རྒྱལ་ཁབ་འདི་ནང་ལས་རང་བྱུང་བྱུངམ་དང་དེ་ཡང་མི་གཅིག་དང་གཉིས་ཀྱིས་མེན་པར་མི་ སྡེའི་མཐུན་ལམ་དམ་ཚིག་གཅིག་མཐུན་གྱི་ཐོག་ལས་བྱུང་ནུག། འདི་མ་ཚད་དུས་རབས་བཅུ་བདུན་པའི་ནང་ལུ་དཔལ་ལྡན་འབྲུག་པ་ཞབས་དྲུང་ངག་དབང་རྣམ་རྒྱལ་མཆོག་ཆིབས་ཁ་ལྷོ་ལུ་འགོར་ཞིནམ་ལས་ཚུར་ལྷོ་ཁྲིམས་མེད་ལུ་ཁྲིམས་དང་རྫ་ལུང་མེད་ལུ་ལུང་བཏགས་ཏེ་ཆོས་སྲིད་ལུགས་གཉིས་ཀྱི་ཁྲིམས་བརྩམ་གནང་བའི་སྐབས་སུ་ཧེ་མ་ལས་རྒྱལ་ཁབ་ཀྱི་གཡུས་ཕྱོགས་ཚུ་ནང་ལས་ཕར་དར་ཁྱབ་སོང་ཡོད་པའི་འབད་ཐངས་བཅའ་ཐངས་ཚུ་ལུ་གཞི་བཞག་ཐོག་ལས་འདི་ནང་ལུ་མ་བཏུབཔ་དང་ཆོས་དང་འགལ་བ་ཡོད་མི་ཚུ་ལེགས་བཅོས་དང་།རྒྱལ་ཁབ་ཀྱི་གནས་སྟངས་དང་བསྟུན་ཏེ་མཁོ་ཆེ་་ཡོད་པའི་ལམ་ལུགས་ཚུ་གསར་བཙུགས་མཛད་དེ་ཆོས་སྲིད་ལུགས་གཉིས་ཀྱི་ཁྲིམས་བརྩམ་གནང་བའི་སྐབས་སུ་དཔལ་ལྡན་
འབྲུག་པའི་སྒྲིག་ལམ་རྣམ་གཞག་ཟེར་འབྲུག་མི་ཡོངས་ཀྱི་ལག་ལེན་འཐབ་དགོ་པའི་ཁྲིམས་ལུགས་བརྩམས་གནང་ནུག
དེ་ལས་ཚུར་སྤྱི་ལོ་༡༦༥༠་ལས་༡༩༠༧་ཚུན་སྡེ་སྲིད་དང་།སྤྱི་ལོ་༡༩༠༧ལས་ཚུར་མི་དབང་རིམ་བྱོན་ཚུ་གིས་ཡང་གཞི་ཞབས་དྲུང་གི་བརྩམས་གནང་མི་དཔལ་ལྡན་འབྲུག་པའི་ཁྲིམས་ལུགས་འདི་ལུ་གཞི་བཞག་ཐོག་ལས་འདི་ཚུ་ཉམས་ཆག་ཤོར་མ་བཅུག་པར་མི་སྡེའི་གནས་སྟངས་དང་བསྟུན་ལེགས་བཅོས་དང་བདག་འཛིན་འཐབ་གནང་སྟེ་ཡོདཔ་ཨིན།

སྒྲིག་ལམ་རྣམ་གཞག་གི་དགོས་པ་དང་དམིགས་ཡུལ་གྱི་སྐོར།
སྒྲིག་ཟེར་མི་འདི་ཆོས་དང་འཇིག་རྟེན་ག་ཅི་ནང་འབད་རུང་ང་བཅས་རའི་ལུས་ངག་ཡིད་གསུམ་གྱི་བྱ་སྤྱོད་འདི་ཚུ་མ་འདྲཝ་ག་ནི་ཡང་མེད་པར་མི་སྡེའི་གནས་སྟངས་དང་མཐུན་ཏོག་ཏོ་དང་འགྲིགས་ཏོག་ཏོ་སྦེ་འབད་མི་འདི་ལུ་སྒྲིག་དང་། སྔོན་བྱོན་རྒྱལ་བ་གོངམ་ཚུ་གི་མཛད་བྱ་ཁྱུན་བཟང་པོ་འདི་ཚུ་རྗེས་འཇུག་པ་འདི་ཚུ་གིས་ལམ་སྦེ་བསྟེན་མི་འདི་ལུ་ལམ། ལུས་ངག་ཡིད་གསུམ་གྱི་འབད་ཐངས་བཅའ་ཐངས་མནོ་ཐངས་ཀྱི་ལམ་ལུགས་འདི་ཚུ་གི་སྐོར་ལས་དབྱེ་བ་ལེགས་ཤོམ་སྦེ་ཕྱེ་སྟེ་བཀོད་ཡོད་པའི་ཡིག་སྡེབ་དང་ཡིག་ཆ།གཞུང་།རྣམ་བཤད་འདི་ལུ་རྣམ་གཞག་ཟེར་སླབ་ཨིན།
དཔལ་ལྡན་འབྲུག་པའི་རྩ་བཟའ་ཆུ་འཐུང་སྡོད་མི་ཅིག་ཨིན་པའི་ཆ་ལས་རྒྱལ་ཁབ་ཀྱི་ལམ་སྲོལ་དང་ཁྱད་ཆོས་འདི་ཚུ་བདག་འཛིན་དང་མ་འོངས་བུ་བརྒྱུད་ཚུ་ལུ་ལམ་སྟོན་དང་བརྡ་སྤྲོད་འབད་ནི་འདི་འབྲུག་མི་ག་ར་གི་འགན་ཁུར་དང་ཆ་འགན་ཨིནམ་ལས་རྒྱལ་ཁབ་ཀྱི་སྒྲིག་འདི་ལེགས་ཤོམ་སྦེ་སྲུང་མ་ཚུགས་པ་ཅིན་རྒྱལ་ཁབ་ལུ་ངོ་ལོག་དོཝ་བཟུམ་ཅིག་ཨིན།
སྒྲིག་འདི་རྒྱལ་ཁབ་དང་མི་སྡེ་སྒེར་པ་ག་ཏེ་ལུ་ཨིན་རུང་མེད་ཐབས་མེད་པའི་མཐུན་ལམ་དམ་ཚིག་བྱུང་སའི་ཡུལ་གཅིག་ཨིནམ་ལས་བཤེས་སྤྲིང་ནང་ལུ་ཚུལ་ཁྲིམས་རྗེས་དྲན་གྱི་སྐོར་ལས་བཤད་པའི་སྐབས་སུ་དཔལ་མགོན་འཕགས་པ་གླུ་སྒྲུབ་ཀྱིས་་་་་་                    ཁྲིམས་ནི་རྒྱུ་དང་མི་རྒྱུའི་ས་གཞིན་དུ།།                                               ཡོན་ཏན་ཀུན་གྱི་གཞི་རྟེན་ལགས་པར་གསུངས།།
ཟེར་གསུངས་དོཝ་བཟུམ་སྦེ་རྒྱུ་བ་འགྲོ་བ་མི་དང་སེམས་ཅན་འདི་ཚུ་དང་མི་རྒྱུ་བ་ཤིང་དང་རྡོ་ཁྱིམ་འདི་ཚུ་གི་གཞི་རྟེན་འདི་ས་ཨིན་དོཝ་བཟུམ་སྦེ་བཟང་པོའི་བྱ་བ་དང་ལེགས་པའི་ཡོན་ཏོན།ཞི་བདེ་དང་དགའ་སྐྱིད་འདི་ཚུ་བྱུང་ ཐབས་ཀྱི་གཞི་རྟེན་འདི་ཡང་སྒྲིག་ལམ་རྣམ་གཞག་འདི་ཨིན།སྒྲིག་ལམ་རྣམ་གཞག་འདི་མི་སྡེའི་མཐུན་ལམ་གཅིག་མཚུངས་བཟོ་སྟེ་རྒྱལ་ཁབ་རང་བཙན་དང་དཔལ་ལྡན་འབྲུག་པའི་ངོ་རྟགས་སྟོནམ་མ་ཚད་དཔལ་ལྡན་ འབྲུག་པའི་སྒྲིག་ལམ་འདི་ནང་པ་སངྱས་པའི་ཆོས་དང་འབྲེལ་བ་རྒྱ་ཆེ་བ་སྦེ་ཡོདཔ་ལས་གནས་སྐབས་རང་གི་རྒྱུད་ལུ་ཚོགས་བསགས་ནི་གི་རྒྱུ་དང་གཏམ་སྙན་གྲགས་ཀྱི་འབྱུང་གནས་དང་།སངྱས་བསྟན་པའི་རྩ་བ་སྲུང་བའི་ འབྲས་བུ་འདི་ལུ་བརྟེན་ཏེ་མཐར་ཐུག་མྱང་འདས་ཞི་བའི་གོ་འཕང་ཐོབ་པའི་རྒྱུ་ཡང་ཨིན།
འདི་གི་ཡང་མ་ཚད་པར་རྒྱལ་ཁབ་ནང་གི་ཆོས་སྲིད་ལུགས་གཉིས་ཀྱི་རྒྱབ་རྟེན་དང་དམངས་གཙོའི་རིང་ལུགས་ཀྱི་འགྲོ་བ་མིའི་དབང་ཆ་ལུ་ཐོ་ཕོག་མ་དགོ་པར་བཟང་པོའི་བྱ་བ་བླང་ནི་དང་ངན་པ་སྤང་སྟེ་དགའ་སྐྱིད་དཔལ་འཛོམས་ཀྱི་ལྟ་བ་ཡང་སྒྲུབ་ཚུགས་པའི་འབྲས་བུ་རྒྱ་ཆེ་བ་བསམ་གྱིས་མ་ཁྱབ་པར་ཡོདཔ་ཨིན།
ངེས་ཚིག་འགྲེལ་བཤད༽
     སྒྲིགཟེར་མི་འདི་ཆོས་དང་འཇིག་རྟེན་ག་ཅི་ནང་འབད་རུང་ང་བཅས་རའི་ལུས་ངག་ཡིད་གསུམ་གྱི་བྱ་སྤྱོད་འདི་ཚུ་མ་འདྲཝ་ག་ནི་ཡང་མེདཔར་མི་གཅིག་གིས་འབད་དོཝ་བཟུམ་སྒྲིག་ཏོག་ཏོ་འབད་མི་ལུ་ སྒྲིག
     སྔོན་བྱོན་རྒྱལ་བ་གོངམ་ཚུ་གི་མཛད་བྱ་ཁྱུན་བཟང་པོ་འདི་ཚུ་རྗེས་འཇུག་པ་རྣམས་ཀྱི་ལམ་སྦེ་བསྟེན་མི་འདི་ལུ་ ལམ
     འདི་བཟུམ་མའི་ལམ་སྲོལ་ཚུ་མ་འོང་བུ་གཞི་ཚུ་གིས་སེམས་ལས་ནམ་ཡང་མ་བརྗེད་པར་ལག་ལེན་འཐབ་ཚུགས་པའི་དོན་ལུ་སྒྲིག་ལམ་གྱི་གོ་རིམ་ཚུ་བཀོད་དེ་བཞག་མི་ལུ་ རྣམ་གཞག
     སྒྲིག་ཟེར་མི་་གོང་ལུ་བཤད་དོཝ་བཟུམ་དང་ཁྲིམས་ཟེར་མི་འདི་གཙོ་བོ་མི་སྡེ་དམང་དང་གཞུང་ཆོས་ཀྱི་ཁ་ཐུག་ལས་འབད་ཆོག་པའི་དང་མ་ཆོག་པའི་དབྱེ་བ་ཕྱེས་ཏེ་དེ་ལས་འགལ་བ་ཅིན་ཉེས་ཁྲིམས་འདི་དང་ དེ་ཕོག་ཟེར་བརྩམས་གནང་མི་ལུ་ སྒྲིག་ཁྲིམས
     སྒྲིག་ལམ་འདི་གུར་རྒྱལ་ཁབ་ནང་དར་བའི་དམ་པའི་ཆོས་འདིི་བཀལཝ་ད་ སྒྲིག་ལམ་ཆོས་གསུམ

     བཟའ་བཏུང་སྤྱོད་ལུགས་དང་ འབད་བཞག་བཅའ་བཞག་ འགྲོ་ལུགས་འདུག་སྟངས་གསུམ་ལུ་ བཟའ་བཅའ་འགྲོ་གསུམ

No comments:

Post a Comment